ཚན་པ། བཅུ་གསུམ།
བདེ་སྐྱེད་ཅེས་པ། གཞན་ལ་ཤེས་རིག་གི་ལམ་སྟོན་བྱས་ན་འདྲ། ཟང་ཟིང་གི་སྦྱིན་པ་བཏང་ཡང་ཆོག གང་ལྟར་རང་ཉིད་ཀྱིས་མིའམ་ཚོགས་སྡེ་གང་ཞིག་ལ་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་ཕན་ཐོགས་སོང་སྙམ་པ་ལས་བྱུང་བའི་ཡིད་མགུ་བའི་ཚོར་བ་དེ་ལ་ངོས་འཛིན་གྱིན་འདུག་པས། དེ་འདྲའི་ཚོར་བ་རྒྱུན་བརྟན་དུ་གནས་མིན་ནི། རྟག་བརྟན་འགྱུར་མེད་ཀྱི་བདེ་སྐྱིད་དེ་འདྲ་རོལ་ཐུབ་མིན་ལ་འབྲེལ་བ་དམ་ཟབ་ཡོད་པའོ།། དེས་ན་བདེ་སྐྱིད་དེ་ཉིད་རྒྱུན་བརྟན་པ་ཞིག་ཡོང་དགོས་ནའང་། དེ་ལ་ཁ་ཕྱོགས་དང་། བརྒྱུད་རིམ། གྲུབ་འབྲས་ཏེ། རྩ་བའི་ཆ་རྐྱེན་གསུམ་པོ་འདི་ཉིད་ཀྱི་གཞུང་ཐིག་མ་ནོར་བ་ཞིག་ཅིས་ཀྱང་དགོས་ངེས་པར་བཤད། དང་པོ་བདེ་སྐྱིད་ཐོབ་པའི་ཁ་ཕྱོགས་མ་ནོར་དེ་འཚོལ་དགོས་ན། ཆ་རྐྱེན་གཙོ་ཤོས་དེ། ཁྱེད་ཀྱི་སྒྲུབ་འདོད་པའི་བྱ་བཞག་དེས་མི་གཞན་ལ་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་ཕན་པ་སྒྲུབ་ཐུབ་ཅིང་དོན་སྙིང་དང་རིན་ཐང་སྩོལ་ཐུབ་པ་ཞིག་དགོས་ངེས་པ་དེ་རེད། རྩ་གནད་དེ་ཚང་བ་ན། དེ་ནས་ཁྱེད་རང་ཇི་ཙམ་མདུན་དུ་བསྐྱོད་ཐུབ་ན། དེ་ཙམ་གྱིས་གཞན་གྱིས་ཕྱིར་ཁྱེད་ལ་ལྷད་མེད་པའི་འཛུམ་མདངས་དང་ཡིད་ཆེས་བར་མ་ཆད་དུ་གནངས་ཡོང་ཞིང་། དེས་ནི་ཁྱེད་ལ་ནང་སེམས་སུ་འཛད་མཐའ་མེད་པའི་མི་ཚེའི་བདེ་སྐྱིད་དངོས་མ་དེ་ཡང་བསྐྲུན་ཡོང་ངོ་།། གཉིས་པ་བརྒྱུད་རིམ་ཞེས་པ་དེ། གོང་སྨྲས་ཀྱི་ཁ་ཕྱོགས་མ་ནོར་བ་དེ་འདྲ་སྔོན་དུ་སོང་བ་གཞིར་བྱས་ནས་བྱ་བཞག་གང་ཉིད་ཀྱི་བརྒྱུད་རིམ་ཁོ་ན་ལོངས་སུ་སྤྱད་ཤེས་ཀྱིས་དེ་ཉིད་མི་ཚེའི་དམིགས་དབེན་དུ་སྒོམ་པ་ལས། རྒྱང་རིང་བའི་གྲུབ་འབྲས་གང་ཞིག་མི་ཚེའི་དམིགས་རྟེན་དུ་འཛིན་མི་རུང་བ་དེ་རེད། གལ་སྲིད་བྱ་བའི་བརྒྱུད་རིམ་གང་ཉིད་མི་ཚེའི་དམིགས་དབེན་དུ་སྒོམ་མ་ནུས་པར་རྒྱང་རིང་བའི་གྲུབ་འབྲས་ལ་རེ་སྨོན་བྱ་རྒྱུ་ཤུགས་དྲགས་ན། དུས་ནང་ཡང་མིག་སྔར་གྱི་བདེ་སྐྱིད་སུ་ཉམས་སུ་མྱོང་ཐབས་བྲལ་བས། ཚེ་གང་ལ་འདོད་ཧམ་གྱིས་སྨྱོ་བར་འགྱུར་རོ།།
网友评论